༈ ཡུམ་དང་དབྱངས་ཅན་མ་སྦྲགས་བསྒྲུབ་བྱ་ བར་འདོད་ན། ཞབས་གཡས་བརྐྱངས་ཤིང། གཡོན་པས་ཡབ་ལ་འཁྱུད་པ། དེའི་ཐུགས་ཀར་ཟླ་གདན་ལ་ལྷ་མོ་དབྱངས་ཅན་མ་དཀར་མོ། ཞལ་གཅིག་ཕྱག་གཉིས་ཀྱི་གཡོན་པས་དྲི་ཟའི་པི་ཝང་རྒྱུད་སྟོང་དང་ལྡན་པ་དཀུ་གཡོན་ པའི་ཕྱོགས་སུ་བརྟེན་ནས་བཟུང་བ། གཡས་ཀྱི་སོར་མོས་རྡུང་ཞིང། ཞབས་གཉིས་ཙོག་པུར་བཞུགས་པ། དབུ་སྐྲ་ཕྱེད་བཅིངས་སུ་བྱས་པའི་ཐོར་ཚུགས་ལ་མེ་ཏོག་གི་འཕྲེང་བ་དང་ཟླ་བ་ཕྱེད་པས་མཛེས་ཤིང། རིན་པོ་ཆེའི་རྒྱན་དང་ དར་སྣ་ཚོགས་ཀྱི་ན་བཟའ་ཅན། ཡབ་ཀྱི་གསང་གནས་མི་དམིགས་པའི་ངང་ལས། ཞེས་སོགས་དཀྱུས་ལྟར་རོ།།